ཌེ་ཝིཌ་ མེག་ཌོ་ནལྜ།
འབྲོམ་གཉེར་ཤར་ཟླ་སྒྲོན་གྱིས་བསྒྱུར།
༈ བོད་དུ་མི་ལོ་ཉི་ཤུ་ (Twenty Years in Tibet) ཞེས་པ་འདི་ནི་སྐྱེད་བྱེད་སི་ཀོ་ཊིའི་མི་དང་སྐྱེད་མ་འབྲས་མོ་ལྗོངས་ནས་ཡིན་པའི་སྐུ་ཞབས་ཌེ་ཝིཌ་མེག་ཌོ་ནལྜ་ཁོང་གི་རང་བྲིས་ལོ་རྒྱུས་བོད་སྐད་དུ་བསྒྱུར་པ་ཞིག་ཡིན། ནུབ་ཕྱོགས་པས་བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ནི་ཧ་ཅང་ཞིབ་ཚགས་ནན་ཏན་ཅན་ཞིག་ཡོད་པ་དེབ་འདི་ནས་ཤེས་ཐུབ། སྤྱིར་ན་དུས་རབས་སྔ་མའི་ལོ་རབས་ཉི་ཤུའི་དཀྱིལ་བར་བོད་གཞུང་དང་དབྱིན་ཇི། རྒྱ་གར་དབྱིན་གཞུང་། རྒྱ་ནག ཨུ་རུ་སུ་བཅས་ཀྱི་འབྲེལ་ལམ་གསལ་གསལ་ཐིང་ཐིང་རང་གིས་དངོས་སུ་མཐོང་བ་རྣམས་ཇི་བཞིན་འདིར་བཀོད་པ་ལྟ་བུར་མཇལ། དེབ་གཞན་ན་དེ་ཙམ་གསལ་ཁ་མེད་པའི་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་འཕྲད་པའི་སྐུ་ངལ་མང་དག་ཅིག་འདི་ན་གསལ་བ་ནི་ང་ཚོས་ཀློག་དགོས་པའི་རྒྱུ་མཚན་ཁྱད་པར་བ་ཞིག་ཏུ་མཐོང་། རྩོམ་པ་པོ་ཁོང་ནི་གྲོ་མོ་དང་། ཆུ་སྦི། ཕག་རི། རྒྱལ་རྩེ། ལྷ་ས་བཅས་སུ་རང་ཉིད་བགྲེས་ཡོལ་མ་ཕེབས་བར་རྒྱ་གར་དབྱིན་གཞུང་གི་སྲི་ཞུ་བསྒྲུབས་ཏེ་བོད་དུ་མི་ཚེ་བསྐྱལ་བའི་ནུབ་ཕྱོགས་པ་ཞིག་ཡིན་པས་ས་ཁུལ་དེ་དག་གི་རིག་གཞུང་དང་བྱེད་སྒོ་མི་ཉུང་བའི་འགྲེལ་བཤད་ཞིབ་ཚགས་ནན་ཏན་ཡང་མཇལ་རྒྱུ་འདུག་པས་སུས་ཀློག་ཀྱང་ཉོབ་སྣང་སྐྱེ་བ་མི་སྲིད་དོ། །བོད་ཀྱི་དཔེ་མཛོད་ཁང་གི་འབྲོམ་གཉེར་ཤར་ཟླ་སྒྲོན་ལགས་ཀྱི་བོད་འགྱུར་འདི་ཉིད་དེ་སྔ་འབྲས་ལྗོངས་བྱ་མ་རྟའི་རྩོམ་སྒྲིག་པ་གཏིང་སྐྱེས་ཚེ་དབང་རྟ་མགྲིན་ལགས་ཀྱི་ཧན་རིག་ཧ་རར་གྱི་བོད་ནང་ལོ་བདུན་ (Seven Years in Tibet) གྱི་འགྱུར་གྱི་འགྲོས་དང་མཐུན་པར་སྣང་བས་ཡི་རང་བསྔགས་པའི་འོས་སུ་གྱུར་ཏོ།།
ན་ག་སངས་རྒྱས་བསྟན་དར།